ཆོས་ཞེས་པའི་གོ་དོན

Tenzin Dorjee
0

“ཆོས”ཞེས་པའི་སྒྲའི་འཇུག་དོན་སྤྱིར་བཤད་པ།

སྤྱིར“ཆོས”ཞེས་པའི་དོན་ནི་ལེགས་སྦྱར་སྐད་ཀྱི“དྷརྨ”ཞེས་པའི་སྒྲ་ནི་ཌུཌྷྲྀཉ“འཛིན་པ”ཞེས་པའི་བྱིངས་ཀྱིས་བསྒྲུབས་ཤིང་།དེའི་དོན་བསྒྱུར་བ་སྟེ“རང་གི་ངོ་བོ་འཛིན་པ”ཞེས་དོན་ཡིན་ཏེ། “ཐམས་ཅད་འཛིན་པས་ན་དྷརྨ་སྟེ་ཆོས་སོ།།”ཞེས་གསུངས་པ་དང་། “དྷརྨ། རང་གི་ངོ་བོ་འཛིན་པའི་དོན་ནོ། །”ཞེས་གསུངས་ལ། ཆོས་རང་གི་ངོ་བོ་འཛིན་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་ཡོངས་གྲགས་སུ“ཆོས”ཞེས་པའང་སྒྲ་ཡངས་པའི་དབང་དུ་བྱས་ན་དོན་བཅུ་ལ་འཇུག་པའོ།།   “ཆོས”ཞེས་པ་དོན་བཅུ་ལ་འཇུག་ཚུལ་ནི། 《རྣམ་བཤད་རིགས་པ》ལས། “ཆོས་ནི་ཤེས་བྱ་ལམ་དང་ནི།།མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ།།”ཞེས་གསུངས་ཏེ།   1.“ཆོས”ཞེས་པ་ཤེས་བྱ་ལ་འཇུག་པ་ནི། “ཆོས་གང་ལ་ལ་འདུས་བྱས་སམ། འདུས་མ་བྱས་སམ།”ཞེས་དང་།“ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས།”ཞེས་གསུངས་པ་ལྟར། ཆོས་གང་ལ་འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་ལ་ཤེས་བྱ་ལ་འཇུག་པ།   2. “ཆོས”ཞེས་པ་ལམ་ལ་འཇུག་པ་ནི། “དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ།།”ཞེས་པ་ལྟར། ཡང་དག་པའི་ལྟ་བ་ནི་ཆོས་སོ་ཞེས་ལམ་གྱི་ཆོས་གང་ཡིན་པ།   3. “ཆོས”ཞེས་པ་མྱ་ངན་འདས་པ་ལ་འཇུག་པ་ནི། “ཆོས་ལ་སྐབས་སུ་སོང་བ།”ཞེས་པ་སྟེ།ཆོས་ལ་སྐྱབས་སུ་མཆི་ཞེས་མྱ་ངན་འདས་པའི་ཆོས།   4. “ཆོས”ཞེས་པ་ཡིད་ཀྱི་ཡུལ་ལ་འཇུག་པ་ནི། “ཆོས་ཀྱི་སྐྱེ་མཆེད”ཅེས་པ་ལྟར།ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཅེས་པ་ཡིད་ཀྱི་ཡུལ།

YouTube - Controls

5. “ཆོས”ཞེས་པ་བསོད་ནམས་ཀྱི་ཆོས་ལ་འཇུག་པ་ནི།

“བཙུན་མོའི་འཁོར་དང་གཞོན་ནུ་མ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད།”ཅེས་པ་སྟེ།བཙུན་མོའི་འཁོར་དང་གཞོན་ནུ་རྣམས་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་བསོད་ནམས།   6. “ཆོས”ཞེས་པ་ཚེ་ལ་འཇུག་པ་ནི། “བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན།”ཞེས་ཏེ།བྱིས་པ་ནི་མཐོང་བའི་ཆོས་ལ་གཅེས་པར་འཛིན་པ་ཞེས་ཚེ།   7. “ཆོས”ཞེས་པ་གསུང་རབ་ལ་འཇུག་པ་ནི། “དགེ་སློང་ཆོས་ཞེས་པ་ནི་འདི་ལྟ་སྟེ།མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་།”ཞེས་པ་ལྟར། མདོ་སྡེ་སོགས་ཀྱི་ཆོས་ལ་གསུང་རབ།   8. “ཆོས”ཞེས་པ་འབྱུང་འགྱུར་ལ་འཇུག་པ་ནི། “འདུ་བྱེད་ཀྱི་རྫས་རྣམས་ནི་དེའི་ཆོས་སོ།།”ཞེས་དང་། “ང་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སོ། །”ཞེས་པ་སྟེ། ལུས་འདི་རྒ་བར་འགྱུར་བ་ནི་འབྱུང་འགྱུར།   9.“ཆོས”ཞེས་པ་ངེས་པ་ལ་འཇུག་པ་ནི། “དགེ་སློང་གི་ཆོས་བཞི།”ཞེས་དང་།“དགེ་སློང་དག་སྲོག་གཅོད་པ་ནི་ཆོས་མ་ཡིན་ལ། སྲོག་གཅོད་པ་སྤང་བ་ནི་ཆོས་ཡིན་ནོ། །”ཞེས་དགེ་སྦྱོང་གི་ཆོས་བཞི་ལ་ངེས་པར་འཇུག་པ།   10“ཆོས”ཞེས་པ་ཆོས་ལུགས་ལ་འཇུག་པ་ནི། “ཡུལ་ཆོས་དང་རིགས་ཆོས་སོ། །”ཞེས་པ་ལྟར།འཇིག་རྟེན་པའི་ཡུལ་ཆོས་མི་ཆོས་གཙང་མ་ལ་ཆོས་ལུགས་སོགས“ཆོས”ཞེས་པ་དོན་བཅུ་ལ་འཇུག་གོ།།དེ་འདྲའི་ཆོས་ཞེས་པ་དང་དོན་གཅིག་པ་ནི། ཨ་ཁུ་དམུ་དགེ་བསམ་གཏན་གྱིས། “ཤེས་བྱ། ཡོད་པ།གཞི་གྲུབ། གཞལ་བྱ། དམིགས་པ། ཆོས་རྣམས་དོན་གཅིག་ཡིན་ཏེ། ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།”ཞེས་གསུངས་པ་དང་གཞན་གྱི་བསྟན་བཅོས་རྣམས་སུའང་དེ་ལྟར་གསུངས་ཕྱིར།ཆོས་དང་ཤེས་བྱ་དག་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། །

Post a Comment

0Comments

Post a Comment (0)

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !