རོང་ཆེན་བཞིའི་ཡ་གྱལ།
དེ་ཡང་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་རོང་སོགས་མདོ་ཁམས་ཕྱོགས་ཀྱི་ཡུལ་གྲུ་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒྲོན་མེ་སྦར་ནས་རི་བོ་དགེ་ལྡན་པའི་བསྟན་པ་དང་བོ་ཕྱོགས་མཐར་སྤེལ་བའི་ཤིང་རྟ་ཆེན་པོ་མཁན་ཆེན་ཚ་ཁོ་བ་དབོན་པོ་ངག་དབང་གྲགས་པ་དཔལ་བཟང་བོ་མཆོག་ནི།
སྤྱི་ལོའི་དུས་རབས་བཅུ་བཞི་བའི་དཀྱིལ་སྟོད་ཙམ་ཞིག་ལ་མདོ་སྨད་རྒྱལ་མོ་རོང་གི་ཁོགས་གཏོགས་བཙན་ལྷའི་སུམ་མདོ་ཞེས་པར་ཁུ་འཇོའི་རིགས་སུ་སྐུ་བལྟམས།
དབུས་ཕྱོགས་སུ་ཕེབས་ནས་བསྟན་པའི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་པ་ལེགས་པར་མནོས་ནས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཛད་དེ་རྗེ་བླ་མའི་སློབ་མར་མ་གྱུར་གོང་ནས་མཁས་པའི་གོ་འཕང་མཉེས་པར་མངོན་ཏེ།རྣམ་ཐར་དད་པའི་འཇུག་ངོགས་ལས། སྐབས་ཤིག་ཏུ། ཚ་ཁོ་དབོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱིར་ཁྲིད་ནས་ཞེས་གསུངས་པ་ལ་དཔག་ན་མཁན་ཆེན་གྱི་མཚན་གསོལ་ཡོད་པས་གསལ།
རྗེ་བླ་མ་བློ་བཟང་གྲགས་པ།
དེ་ནས་རྗེ་བླ་མ་བློ་བཟང་གྲགས་པ་དཔལ་བཟང་བོ་མཆོག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་པས་སྒྲོ་འདོགས་བཅད་དེ་རྗེ་བླ་མའི་ཐུགས་ཟིན་གྱི་སློབ་མར་གྱུར་བ་ཡིན་ཏེ།
རྗེ་རྟག་ངུའི་རྟོགས་བརྗོད་ལས། ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་བ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་ངག་མཁན་ཚ་ཁོ་ངག་དབང་གྲགས་པའོ། །ཞེས་གསུངས་པས་སོ།
རྗེ་བླ་མ་དགུང་ལོ་ཉི་ཤུའི་ནང་ནས་སློབ་མའི་གཙོ་བོར་གྱུར་པ་ཡིན་ཏེ།རྣམ་ཐར་དད་པའི་འཇུག་ངོགས་ལས། དེ་ནས་འོན་གྱི་ལྷ་ཁང་གེ་རུར་ཆོས་བར་ལ་བྱོན། ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས།
སྤྱི་ལོ༡༣༩༢ལོ་ཡར་མར་ཞིག་ལ་རྗེ་ཚ་ཁོ་ངག་དབང་གྲགས་པ་མཆོག་མདོ་སྨད་དུ་ཕེབས་ནས་ཁོང་གིས་དམ་བཅའ་ལྟར་ཁམས་ཕྱོགས་དང་རྒྱལ་རོང་ཕྱོགས་སུ་ཨ་འདུས་ཡག་འགོ་དགོན་ནས་བཟུང་ད་ཚང་དགོན་བར་དགོན་སྡེ་བརྒྱ་རྩ་བརྒྱད་འདེབས་རྒྱུའི་དབུ་བཟུང་ནས། མདོ་སྨད་ཀྱི་ཡུལ་གྲུ་རྣམས་སུ་དགེ་ལྡན་བསྟན་པའི་སྒྲོན་མེ་སྦར་བ་མཛད་དེ་རྗེ་བླ་མའི་ཐུགས་མཉེས་པར་མཛད་པས།
འཆད་རྩོད་རྩོམ་གསུམ།
དེ་ལྟར་འཆད་རྩོད་རྩོམ་གསུམ་དང་འཛིན་སྐྱོང་སྤེལ་གསུམ་གྱིས་སྐུ་ཚེ་གང་བོ་འདའ་བར་མཛད་དེ་མཐར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དང་འདུས་བྱས་ཀྱི་རང་ཚུགས་ངོམས་ཕྱིར་གཟུགས་སྐུའི་བཀོད་རགས་པ་རེ་ཞིག་བསྡུ་བ་མཛད།
ཚ་ཁོ་དགོན་དགའ་ལྡན།
རྗེ་ཁོང་གི་སྐུ་གདུང་ད་ལྟ་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་ན་བཞུགས་ཡོད་དོ། །འཁྲུངས་འདས་ལོ་ཚིགས་གསལ་བོ་བཀོད་པའི་ལོ་རྒྱུས་རྒྱུ་ཆ་ཤིན་ཏུ་དཀོན་པས་འདིར་གསལ་བོ་ཞིག་འབྲི་མ་ཐུབ་པར་དགོངས་འགལ་མེད་པར་ཞུ། གསུང་རྩོམ་གྱི་སྐོར་ལ་རྗེའི་ཉམས་མགུར་ལམ་རིམ་བསྡུས་དོན་གྱི་འགྲེལ་བ་དང་ཆོས་སྤྱིའི་སྔོན་འགྲོ་དྲང་དོན་ཆོས་ཀྱི་རྒྱ་མཚོ་སོགས་བྲིས་མ་པོད་གསུམ་བཞུགས་ཅིང་།རྔ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ཞེས་པའི་ཁྲོད་དུ་དཔར་མ་པོད་གཉིས་སུ་བསྡུས་ཡོད། གསུང་ལས་སྐྱེས་པའི་སློབ་མའི་སྐོར་ལ་ཞང་ཞུང་ཆོས་དབང་གྲགས་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་མང་པོ་བྱོན་པར་འདུག