ཐེག་ཆེན་གསོ་སྦྱོང་དང་སྨྱུང་གནས་ཀྱི་སྐོར་ལག་ལེན་རབ་གསལ།

Tenzin Dorjee
0


ཐེག་ཆེན་གསོ་སྦྱོང་དང་སྨྱུང་གནས་ཀྱི་སྐོར་ལག་ལེན་རབ་གསལ།
ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གང་ལས་བླངས་པའི་ཡུལ་ནི།
ཆ་རྐྱེན་གཙོ་བོ་གསུམ་ལྡན་ཏེ། དགེ་བསྙེན་ཡན་ཆད་ཀྱི་སོར་སྡོམ་དང་ལྡན་པ། ཐེག་ཆེན་གསོ་སྦྱོང་གི་སྡོམ་པའི་བརྒྱུད་པ་ཡོད་པ། གཞན་ལ་སྡོམ་པ་སྦྱིན་ཁར་རང་གིས་བླངས་པའོ། །དེ་ཡང་ལག་ངོའི་རི་མོ་མཐོང་མི་མཐོང་གི་མཚམས་ནས་རང་གིས་ལེན་ཞིང་ལག་ངོའི་རི་མོ་མཐོང་བ་ནས་གཞན་ལ་སྦྱིན་ནོ།།




ལེན་པ་པོ་ནི།


ཐེག་པ་ཆུང་ངུའི་བསྙེན་གནས་དང་མི་མཚུངས་པར་འདི་ནི་རབ་བྱུང་དང་ཁྱིམ་པ་ཐམས་ཅད་ཀྱིས་བླང་རུང་ཞིང་མ་ཟད་འདི་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་ཡིན་པས་བླངས་ན་ཕན་ཡོན་ཆེན་པོ་འཐོབ་པར་གསུངས་པའོ།།


ལེན་བྱེད་ཀྱི་ཆོ་ག་ནི།


དོན་ཡོད་ཞགས་པའི་རྒྱུད་ནས་བྱུང་བའི་ཆོ་ག་ལྟ་བུ་རབ་ན་སངས་རྒྱས་ཀྱི་བཀའ་ཞིག་ལ་བརྟེན་ན་བཟང་ཞིང་། དེ་ཡང་སྔོན་དུ་སྐྱབས་སེམས་དང་། དངོས་གཞི་ལེན་ཆོག་དངོས་དང་། མཇུག་བསླབ་བརྗོད་དང་བཅས་པའི་ཆོ་གའི་སྒོ་ནས་ལེན་དགོས་སོ།།


ལེན་སྐབས་ཀྱི་བསམ་པ་ནི།


ཆོ་ག་ལྟར་ཚིག་རྗེས་དོན་དྲན་བྱ་དགོས་ལ། དམིགས་བསལ་ཤེས་དགོས་པ་ནི། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་དང་། གདན་གཅིག་དང་། སྔགས་ཀྱི་སྨྱུང་གནས་རྣམས་ལ་ལེན་བྱེད་ཀྱི་ཆོ་ག་ཐ་དད་པ་མེད་པས་དེ་དག་གང་བླང་རང་རང་གི་ཀུན་སློང་ལ་ཐུག་པས་དེ་ཉིན་བླང་བར་བྱ་བ་གང་ཡིན་ན་དེ་ལེན་འདོད་ངེས་པར་ཡོད་དགོས་ཏེ། དེ་མེད་ན་དེ་ཉིན་སྡོམ་པ་གང་ཐོབ་མི་གསལ། བྱེ་བྲག་གང་ཐོབ་མ་ཤེས་ན་སྤྱིའི་སྡོམ་པ་ཞེས་པ་ཞིག་གཞག་དཀའ་བས་དེ་ཉིན་སྡོམ་པ་ཐོབ་ཡོད་ཟེར་དགོས་ན་ཅུང་ཟད་དཀའ་བར་སྣང་ངོ་། །དེས་ན་སྡོམ་པ་གང་ཅན་པོ་བླང་རྒྱུ་ཡིན་ན་དེ་སྟེར་བ་པོས་གོ་བརྡ་སྤྲད་རྒྱུ་དང་ལེན་པ་པོས་དེ་ལེན་འདོད་མངོན་དུ་བྱེད་པ་ཧ་ཅང་གལ་ཆེའོ། །དེང་སང་ཐོག་མར་སྡོམ་པ་སྟེར་མཁན་ལེན་མཁན་དག་གིས་དབྱེ་བ་མི་འབྱེད་པར་བླངས་ཟིན་པའི་རྗེས་སུ་སྔ་དྲོར་ཁ་ཟས་ལ་ལོངས་སྤྱད་ཆོག་དང་མི་ཆོག་དང་ཕྱི་དྲོར་བཏུང་བ་འཐུང་ཆོག་དང་མི་ཆོག་ལ་དཔྱད་པ་བྱེད་པ་ནི་ཆོ་གའི་རྣམ་བཞག་གཞི་ནས་མ་ཤེས་པ་སྟེ། སྡོམ་པ་སྦྱིན་ལུགས་དང་བསྲུང་ལུགས་ཐམས་ཅད་གཟུགས་བརྙན་ཙམ་དུ་ལུས་པའི་རང་རྟགས་སོ།།


བསྲུང་བྱ་ནི།


ཡན་ལག་བརྒྱད་ཡོད་པ་ལས་དམིགས་བསལ་ཁ་ཟས་ལ། ནང་མོ་སྡོམ་པ་བླངས་པའི་སྔོན་དུ་བཟའ་བཏུང་གང་ཡང་བྱར་མི་རུང་བ་མཐུན་ལ། བྱེ་བྲག་ཏུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ཉིན་གཅིག་ལ་ལེན་ན་སྡོམ་པ་བླངས་པ་ནས་བཟུང་སྔ་དྲོར་བཟའ་བཏུང་ཐམས་ཅད་ལོངས་སྤྱོད་ཆོག་ལ། རྒྱ་ནག་ཆུ་ཚོད་གཅིག་དང་སྐར་བཅོ་ལྔ་སྤྱིར་ཉིན་གུང་ལ་ཁེལ་ཡོད་པས་དེ་ནས་བཟུང་ཇ་དང་ཆུ་ལྟ་བུ་དུས་མིན་དུ་སྤྱད་རུང་བའི་བཏུང་བ་ལས་གཞན་དུས་རུང་གི་བཟའ་བཅའ་བཏུང་བ་ཐམས་ཅད་སྤང་དགོས་ཏེ། དེ་ནི་དགེ་ཚུལ་སློང་གི་གུང་ཚིགས་དང་འདྲའོ། །གལ་ཏེ་གདན་གཅིག་ལ་འདུག་ན་ཉིན་གུང་གདན་གཅིག་གི་ཐོག་ཏུ་གུང་ཚིགས་བྱས་ཏེ། དེ་ལས་གཞན་ཉིན་མཚན་ཀུན་ཏུ་བཟའ་བཏུང་ཐམས་ཅད་སྤང་དགོས་སོ། །སྨྱུང་གནས་ཆ་ལ་བསྡད་ན། ཉིན་དང་པོར་སྦྱོར་བའི་ཉི་མ་ལ་དུས་མིན་དུ་རུང་བའི་གཏུང་བ་ཇ་དང་ཆུ་ལ་སོགས་པ་ནི་སྔ་དྲོ་ཕྱི་དྲོ་ཐམས་ཅད་དུ་ལོངས་སྤྱད་ཆོག་ལ། དུས་རུང་གི་བཟའ་བཅའ་བཏུང་བ་ནི་ཉིན་གུང་གསོལ་ཚིགས་ཀྱི་སྐབས་མ་གཏོགས་སྔ་དྲོ་ཕྱི་དྲོ་ཐམས་ཅད་དུ་སྤང་དགོས་པར་འདུལ་འཛིན་དུ་མས་གསུངས་སོ། །ཉིན་གཉིས་པ་དངོས་གཞིའི་ཉིན་སྔ་དྲོ་ཕྱི་དྲོ་ཐམས་ཅད་དུ་བཟའ་བ་ནས་འབྲུ་ཙམ་དང་བཏུང་བ་ཆུ་ཐིགས་པ་ཙམ་ཡང་ལོངས་སྤྱོད་མི་རུང་ངོ་། །སྨྱུང་གནས་ཆ་ལ་བསྡད་ན་ཉིན་གསུམ་པ་རྗེས་ཀྱི་ཉི་མ་ལ་སྡོམ་པ་ལེན་མི་དགོས། མཇུག་ཆོག་འདོན་པ་ཙམ་གྱིས་འཐུས་ལ། གཞན་ལུས་ལ་གནས་པའི་སྲིན་འབུ་གསོ་ཆེད་དུ་ཐོ་རངས་ཁར་ཐོར་ཐིགས་འཐུང་དགོས། དེ་ཡང་སྐྱ་རེངས་ཐ་མ་ཤར་བའི་རྗེས་སུ་བཏུང་བར་བྱ་སྟེ། སྔོན་དུ་འཐུང་ན་དོངས་གཞིའི་ཉིན་ཞག་ཏུ་འཐུང་བར་འགྲོ་བས་མི་རུང་ངོ་། །


ངག་བཅད་ནི།


ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླང་ཉིན་དང་སྨྱུང་གནས་སྦྱོར་བའི་ཉི་མ་ལ་ཉིན་ཞག་གཅིག་པོའམ་ཐ་ན་ཕྱི་དྲོ་ཙམ་ལ་ངག་བཅད་ཐུབ་ན་བཟང་ལ། འོན་ཀྱང་དེ་གཉིས་ལ་ངག་བཅད་དེ་མ་བྱས་ཐབས་མེད་ཀྱི་བསླབ་བྱ་ཞིག་མ་རེད།


གདན་གཅིག་དང་སྨྱུང་གནས་དངོས་གཞིའི་ཉི་མ་ལ་ངག་བཅད་ངེས་པར་བྱེད་དགོས་པར་གསུངས་སོ།།
བོད་ས་ཕག་ལོའི་ཟླ་དང་པོའི་ཚེས་གཅིག་ལ་རིག་དར་ནས།

Post a Comment

0Comments

Post a Comment (0)

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !