༧རྗེ་བཙུན་ཡེ་ཤེས་དབང་ཕྱུག་མཆོག་གི་རྣམ་ཐར་མདོར་བསྡུས།

Tenzin Dorjee
0

༄༅།།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་ཡེ་ཤེས་དབང་ཕྱུག་མཆོག་གི་རྣམ་ཐར་མདོར་བསྡུས།

༄༅།།དགེ་བཤེས་ལྷ་རམས་པ་རྗེ་བཙུན་ཡེ་ཤེས་དབང་ཕྱུག་མཆོག་ནི་ཡུན་ནན་ཞིང་ཆེན་གྱི་ཐར་ལམ་ཞེས་པའི་སའི་ཆ་དེར་རབ་བྱུང་བཅུ་དྲུག་པའི་ས་འབྲུག་(༡༩༢༨)ལོར་ཡབ་རྣམ་རྒྱལ་བཀྲ་ཤིས་དང༌། ཡུམ་སྒྲོལ་མ་ལྷ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་ཡུམ་གཉིས་ཀྱིས་རྒྱལ་རོང་ཁྲི་པ་ཡེ་ཤེས་ཆོས་འཕེལ་གྱིས་མདུན་དུ་ཁྲིད་དེ་ཡེ་ཤེས་དབང་ཕྱུག་ཅེས་མཚན་གསོལ། དགུང་ལོ་བདུན་བརྒྱད་ཙམ་ཀ་ཁ་ནས་བཟུང་སྟེ་བོད་ཡིག་ལ་སློབ་གཉེར་མཛད། དགེ་ བཤེས་ཡེ་ཤེས་མཐར་ཕྱིན་གྱི་མདུན་ནས་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ཤེས་རབ་མཐར་ཕྱིན་ཞེས་གསོལ་ནས་དགོན་པར་ཞུགས། ཡུལ་སྲོལ་གྱིས་ལོ་གཅིག་ལ་ཐར་ལམ་དགྲ་མེད་དགོན་དུ་དབྱར་ཀ་ཟླ་བ་གཉིས་ཙམ་གྱི་རིང་མ་གཏོགས་སློབ་གཉེར་གྱི་དུས་ཚོད་མེད། དེ་མིན་ཕྱུགས་རྫི་དང་ཞིང་ལས་སོགས་གནང་དགོས་པ་བྱུང་། དགུང་ལོ་བརྒྱད་ནས་ — བཅུ་བཞི་བར་རྒྱལ་རོང་ཁྲི་པ་ཡེ་ཤེས་ཆོས་འཕེལ་བསྟེན་ཏེ། དགོན་པའི་འདོན་ཆོག་ཡོངས་རྫོགས་ཐུགས་འཛིན་གནང༌། དགུང་ལོ་བཅོ་ལྔ་པར་ལྷ་ལྡན་དུ་ཕེབས་ཏེ་སེར་སྨད་སྤོམ་ར་ཁམས་ཚན་དུ་ཆོས་ཞུགས་མཛད་ནས་རྗེ་བཙུན་ཡེ་ཤེས་སྐལ་བཟང་ཡོངས་འཛིན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱངས་དང་། བླ་མ་མཉེས་པ་གསུམ་གྱིས་མཆོད་ཅིང་ བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པར་མཛད། དེའི་རིང་བློ་རྒྱུགས་ཨང་དང་པོ་དང་གཉིས་པ་ལན་མང་ཐོབ་ཅིང་། རྩོད་རྒྱུགས་ཀྱང་མཁན་དགེ་རྣམ་གཉིས་ནས་ཐུགས་དགྱེས་མཉེས་ཆེན་པོས་ཁ་བཏགས་ཨ་ཤེ་ལོ་ལྟར་གནང་གི་ཡོད། དགུང་ལོ་བཅུ་དགུ་པར་ཡོངས་འཛིན་ཡེ་ཤེས་སྐལ་བཟང་བྱ་བྲལ་ལ་ཕེབས་ཀྱང་རང་གཅུན་གྱིས་ཉིན་རེར་ངལ་གསོ་ཆུ་ཚོད་གཅིག་ལས་མི་གནང་བར་མུ་མཐུད་སློབ་གཉེར་རྡོ་རུས་ཐུག་པ་མཛད། འཇང་དགུན་ཆོས་ལོ་བདུན་ཕེབས་པ་དང་། གྲྭ་ཚང་བདུན་ཀར་དམ་བཅའ། ཚོགས་ཆེན་དམ་བཅའ་ཐེངས་གསུམ་བཞག་ནས་དཀའ་བ་དང་བླངས་མཛད། དེ་དག་གི་རིང་ལ་ཆོས་རར་བརྩོན་འགྲུས་ཆེན་པོས་རྩོད་པ་དང་། ཆོས་མཚམས་སུ་དཔེ་ཆ་ཐུགས་འཛིན་གཙོ་བོར་གནང་སྟེ། དབྱར་དུས་ཉིན་མོར་ཚ་བའི་གདུང་བས་མཚན་མོར་གཉིད་ཀྱིས་ནོན་སྐབས་ཕ་བོང་གཡང་ས་ཆེ་བའི་ཁར་དང་།


 

 ཤིང་སྡོང་ཆེན་པོའི་སྟེང་དུ་འཛེགས་ནས་དཔེ་ཆ་སྐྱོར་བ་དང་། ཇ་ཁུ་གར་པོ་བཞེས་པ་སོགས་གཉིད་མི་ཡུར་བའི་ཐབས་ལམ་སྣ་ཚོགས་གནང་བས་རྩ་འགྲེལ་ཚང་མའི་ཚིག་དོན་རྣམས་ཐུགས་ལ་གསལ་པོར་ངེས་པ་བྱུང་། ས་ཁྱི་(༡༩༥༨)ལོར་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་གྱི་མཛད་སྒོའི་སྐབས་གདན་སའི་དགེ་འདུན་རྣམས་དང་། ཡོངས་འཛིན་གླིང་པོ་ཆེ། ཁྲི་བྱང་རིན་པོ་ཆེ། གྲྭ་ཚང་གི་མཁན་རིན་པོ་ཆེ། གཞན་ཡང་བླ་སྤྲུལ་དགེ་བཤེས་སོགས་མཁས་མང་བྱེ་བའི་དབུས་སུ་བགྲོ་གླེང་གནང་བར་རྣམ་དཔྱོད་ཡངས་པས་ཀུན་གྱིས་བསྔགས་བརྗོད་གནང༌། རིགས་ཆེ་ཆུང་གི་ཚོགས་ལངས་ཨང་དང་པོ་བཞེས། རང་ལོ་ཉེར་གཅིག་ལ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བྲག་རི་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ་དབང་རྒྱལ་གྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ས་ཕག་(༡༩༥༩)ལོར་དུས་འགྱུར་ གྱིས་ནོར་གླིང་བཙོན་ཁང་དུ་ཚུད། རིག་གནས་གསར་བརྗེའི་སྐབས་བལ་ལས་དང༌། ཕྱུགས་རྫི། ཨར་ལས། ཞིང་ལས། ལམ་བཟོ་སོགས་གནང་དགོས་པ་བྱུང༌། དེ་རྗེས་མེ་སྦྲུལ་(༡༩༧༧)ལོར་རིག་དངོས་བདག་གཉེར་ལས་ཁུངས་སུ་ལས་ཀར་ཕེབས་ཏེ། ཡིག་རིགས་དང་། གནའ་ཤུལ་རྙིང་པ། དངོས་རྫས་རྙིང་པ། དགོན་སྡེ་བཅས་ལ་ཞིབ་འཇུག་གནང་། མེ་སྟག་(༡༩༨༦)ལོར་སྨོན་ལམ་དམ་བཅའ་ཨང་དང་པོའི་དང་པོ་ཐོབ། པཎ་ཆེན་རིན་པོ་ཆེ་དགུང་གྲངས་ལྔ་བཅུར་བཞེས་པར་རྟེན་འབྲེལ་གྱི་མཛད་སྒོར་པེ་ཅིང་དུ་ཕེབས། གཞུང་ཆེན་མོ་ལ་སློབ་གཉེར་གནང་རིང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་། དགེ་བཤེས་བྱམས་པ་ཆོས་འཕེལ་གཙོས་པའི་བླ་མ་སུམ་ཅུ་སོ་བཞིའི་མདུན་ནས་གཞུང་པོ་ཏི་བཞི་བརྒྱ་ལྷག་དང༌། རྒྱུད་སྡེ་བཞིའི་དབང་དང་རྗེས་གནང་། རྒྱལ་བའི་བཀའ་འགྱུར་གཙོས་པའི་པོ་ཏི་ཉིས་བརྒྱ་ལྷག་གི་ལུང་། བྱང་ཆུབ་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ་སོགས་ཀྱི་དབང་ལུང་མན་ངག་རྗེས་གནང་ཁྲིད་དང་བཅས་ པ་སོགས་གསན། གང་གསན་པ་རྣམས་ཀྱང་ཉམས་བཞེས་སྒོམ་སྒྲུབ་དང་ཡ་མ་བྲལ་བར་གནང་སྟེ་གཞན་ལ་གདམས་པར་མཛད།

གཞན་ཡང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོའི་ པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ། ནང་བསྟན་དུས་དེབ་རྩོམ་སྒྲིག་གི་ འགན་འཁུར་བཅས་གནང་། བཀའ་རྩོམ་ཡང་། 《རྣམ་འགྲེལ་ཚད་མའི་དགོངས་རྒྱན་ལས་ལེའུ་དང་པོ་དང་། ལེའུ་གཉིས་པ། ལེའུ་གསུམ་པ། ལེའུ་བཞི་པའི་བཤད་པ།》 《གྲུབ་མཐའ་ཁག་གི་ཆོས་འབྱུང་། 》 《སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་འབྱུང་ལོ་རྒྱུས། 《གྲུབ་མཐའ་མཁས་པའི་ཡིད་འཕྲོག །》 《བློ་གསར་རིགས་ལམ་མིག་འབྱེད། 》 《ཆོས་ལུགས་ཀྱི་མིང་ཚིག་འགྲེལ་བཤད།》 《འཛམ་གླིང་ཡོངས་ལ་གྲགས་པའི་རྗེ་ཡབ་ སྲས་གསུམ་གྱི་སྐུའི་དབྱིབས་བཞུགས་སྟངས་ཕྱག་མཚན་སོགས།》 《མཎྜལ་གྱི་འགྲེལ་ བཤད། 》 《དབུ་མའི་གཞུང་གི་དོན་འཆད་པ། 》 《དྲང་ངེས་རྣམ་འབྱེད་ཀྱི་མིང་ཚིག ། 《ཆོས་མངོན་པ་མཛོད་ཀྱི་མིང་ཚིག །》 《དགའ་ལྡན་དགོན་པའི་ལོ་རྒྱུས། 》 《ཆབ་མདོ་དགོན་པའི་ལོ་རྒྱུས།》 《དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ ཁང་གི་ལོ་རྒྱུས།》 《ཁྲ་འབྲུག་དགོན་གྱི་ལོ་རྒྱུས། 》 《སྟེ་ཐང་སྒྲོལ་མ་ལྷ་ཁང་གི་ལོ་རྒྱུས། 》 《འཕན་པོ་རག་མ་བྱམས་ཁང་གི་ལོ་རྒྱུས། 》 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མཛད་རྣམ། 》 《དགའ་ལྡན་གསེར་གདུང་ཆེན་མོ་གསར་བཞེངས་སྔ་ཕྱིའི་ལོ་རྒྱུས་》 སོགས་གསུང་འབུམ་པོད་བཞི་ཙམ་བཞུགས། མཐར་དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་བཅུ་བདུན་པའི་མེ་གླང་(༡༩༩༧)ལོའི་བོད་ཟླ་༥པའི་ཚེས་༦ཉིན་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་པའི་ཚུལ་བསྟན་ཏོ། །རྗེ་འདིའི་འདྲ་སྐུ་ནི་སེར་སྨད་གྲྭ་ ཚང་དུ་བཞུགས་ཞིང་། གདུང་རྟེན་དངུལ་ལས་བྱས་པའི་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་བཟོ་ བཀོད་ཕུན་སུམ་ཚོགས་པ་སྒོ་ཁྱིམ་གསེར་ཚགས་ཅན། ནང་རྟེན་དུ་ཐུགས་ལྗགས་སྤྱན་གསུམ་དང༌། གདུང་རུས། གསུང་འབུམ། མགོན་པོ་གང་གི་ཐུགས་དམ་གྱི་རྟེན་རྩ་ཆེན་བཅས་ཕུལ་བའི་དངུལ་གདུང་ནི་སེར་སྨད་སྤོམ་ར་ཁམས་ཚན་དུ་བཞུགས།

          གུང་རུ་རྒྱལ་མཚན་བཟང་པོའི་རྣམ་ཐར།

Post a Comment

0Comments

Post a Comment (0)

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !