དགེ་བཤེས་ལྷ་རམས་པ་ཐུབ་བསྟན་བསམ་འཕེལ་མཆོག་གི་རྣམ་ཐར་སྙིང་བསྡུས།

Tenzin Dorjee
1 minute read
0

༄༅། །རྗེ་བཙུན་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་བསམ་འཕེལ་མཆོག་གི་རྣམ་ཐར་སྙིང་བསྡུས་བཞུགས་སོ།།

༄༅། །སྐྱེས་རབས་དང་ཐུགས་སྦྱོང་།

སྐྱེས་ཆེན་དམ་པ་གང་ཉིད་ནི་ཕྱི་ལོ་༡༩༦༨ ལོར་བོད་མདོ་ཁམས་ལི་ཐང་བཞག་པ་གནའ་ཆུ་མདོ་གྲོང་(དེང་སང་གྲོང་མགོ་གྲོང་)དུ་ཡབ་དཀར་རྒྱལ་དང་ཡུམ་དབང་ཆེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མིང་སྲིང་བདུན་ཡོད་པའི་ནང་ནས་ཨང་གཉིས་པ་ཡིན་ཞིང་། སྐུ་ཆུང་ངུའི་མཚན་ལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཞེས་གསོལ།



ཆུང་དུས་སུ་ཕྱུགས་རྫི་མང་པོ་གནང་མྱོང་ཡོད་ཅིང་། གཤིས་ཀ་རྩུབ་ཙམ་ཡོད་ནའང་ལས་ཀར་ཧུར་བརྩོན་ཆེ་བས་རྫི་བོ་རྒན་པ་རྣམས་ཀྱིས་དགའ་པོ་མཛད། དེ་ནས་སོག་བཞག་དགེ་སློང་བསྟན་འཛིན་གྲགས་པ་མཆོག་གི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་གསན།

རབ་ཏུ་བྱུང་བ་དང་སློབ་གཉེར།

ཕྱི་ལོ་༡༩༨༠ ལོར་ཆོས་སྒོ་ཕྱེ་བ་དང་བསྟུན་རང་ཡུལ་བཞག་མ་ཐང་དགོན་གསང་འདུས་གྲྭ་ཚང་དུ་གྲྭ་པ་གསར་ཞུགས་གནང་། ལོ་གསུམ་གྱི་ནང་ཆོ་ག་ཕྱག་ལེན་ཡོངས་རྫོགས་ལ་སྦྱངས་ཏེ་བྱ་དགའ་རིམ་པ་གསུམ་ཐོབ། ༡༩༨༡ ལོར་བླ་མ་རང་དྲིལ་རྒྱུད་པ་ཐུབ་བསྟན་མཁྱེན་རབ་མཆོག་གི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།

ཕྱི་ལོ་༡༩༨༥ ལོར་རྒྱ་གར་དུ་ཕེབས་ཏེ་སེ་ར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་། དེར་སྐྱབས་རྗེ་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་ངག་དབང་ཐེག་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཡེ་ཤེས་དབང་ཕྱུག ཤར་པ་ཆོས་རྗེ་རིན་པོ་ཆེ་བློ་བཟང་ཉི་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དུ་མའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་གསན་སྦྱོང་མཐར་ཕྱིན་པར་མཛད།

བསྙེན་རྫོགས་དང་དགེ་བཤེས།

ཕྱི་ལོ་༡༩༩༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོ་དང་། འབྲས་བློ་གླིང་ཁྲི་ཟུར་བློ་བཟང་ཉི་མ་མཆོག་གིས་ལས་སློབ། རྒྱལ་རོང་མཁན་ཟུར་རིན་པོ་ཆེས་གསང་སྟོན་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ༡༩༩༢ ལོར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཕར་ཕྱིན་དགའ་སྟོན་རིགས་ཆུང་ཚོགས་ལངས་ཀྱི་གོ་སྐབས་ཐོབ།

ཕྱི་ལོ་༡༩༩༧ ནས་༢༠༠༢ བར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཤིང་། ཨང་རིམ་དང་པོའི་གཟེངས་བསྟོད་ཐོབ། ༢༠༠༣ ལོར་རྡོ་རྗེ་གདན་དུ་གདན་ས་གསུམ་གྱི་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག

ཆོས་སྤེལ་མཛད་རྗེས།

དེ་ནས་བཟུང་གྲྭ་ཚང་དུ་དགེ་རྒན་དང་། ཁྲིམས་བདག་དགེ་བསྐོས། 2015 ཁང་ཚན་རྒན་པ་སོགས་ཀྱི་ཐུགས་འགན་ལོ་ངོ་བཅུ་དྲུག་ལྷག་བཞེས། ཉིན་རེར་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་བར་འཛིན་གྲྭ་ཁག་གསུམ་དང་། ཉིན་རྒྱབ་ཆུ་ཚོད་དང་པོ་ནས་ལྔ་པའི་བར་འཛིན་གྲྭ་ཁག་བཞི། དགོང་མོ་བསྡུས་གྲྭ་དང་རྟགས་རིགས་འཛིན་གྲྭ་བཅས་ལ་དཔེ་ཁྲིད་གནང་། ཁོང་གི་སློབ་མ་མང་པོ་དགོན་སྡེ་ཁག་གི་མཁན་པོ་དང་། དགེ་རྒན། བྱ་བྲལ་བ། ལས་སྣེ་སོགས་སུ་གྱུར།

ཕྱི་ལོ་༢༠༠༩ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་སློབ་གཉེར་གནང་སྟེ་ལོ་མཇུག་རྒྱུགས་སྤྲོད་སྐབས་བྱ་དགའ་ཨང་རིམ་དང་པོ་ཐོབ། ༢༠༡༠ ལོར་༧གོང་ས་མཆོག་གི་དྲུང་ནས་འགྲེལ་པ་བཞི་སྦྲགས་ཀྱི་ཁྲིད་ལུང་ཞུས།

མཇུག་བསྡུ།

མདོར་ན་སྐྱེས་བུ་དམ་པ་གང་ཉིད་ནི་༧གོང་ས་མཆོག་གི་དབུས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་གུས་པ་ཆེན་པོས་བསྟེན་ཏེ། རང་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་གྱི་ཉམས་ལེན་མཛད་པ་དང་། གཞན་ལ་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དེ་དགེ་ལུགས་བསྟན་པའི་མེ་རོ་གསོ་བའི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར། ཁོང་གིས་མཛད་པའི་ཕྱག་རྗེས་རྣམས་ནི་དེང་གི་དུས་སུའང་བསྟན་འགྲོའི་དོན་དུ་གསོས་སུ་གྱུར་པའི་དཔལ་ཡོན་དུ་མངོན་པར་གསལ་བ་ལགས་སོ།།

Post a Comment

0Comments

Post a Comment (0)

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !